ངེ་ཆ་རོགས་ཚུ་གིས་ཇཱོན་དྲིསི་ཟེར། །དོན་ངོ་མ་ཏི་རུ་ཁྱོད་ཀྱི་མིང་། །
ས་འཇིག་རྟེན་མི་རྟག་གྲོང་ཁྱེར་ནང་། །དངུལ་ཁྱོད་ལུ་སྡང་མི་གསེར་ལས་དཀོན། །
མི་ག་ར་ཏི་རུ་ཐོབ་ནི་ཡོདན། །རིན་ཆེ་བའི་སྲོག་ཡང་མི་ཕངས་པས། །
མ་སྤུན་ཆ་ཉེ་ཚན་རྒྱབ་ཁར་བཞག །ལུས་སྐྱིད་པའི་གཡུས་བཟང་སེམས་ལས་ཡོལ། །
ས་རང་མེད་རོགས་ཀྱི་གཡུས་ཁར་ལུ། །སྤྱང་འཁྱམས་མི་ཏི་རུ་ཁྱོད་ཀྱི་དོན། །
བརྩེ་དགའ་བའི་མིག་གཞི་མཐུན་ཏེ་གི། ཡུན་རིང་དུ་འགྲོགས་པའི་གཉེན་གྲོགས་ཡང་། །
ཁ་བྲལ་མི་ཏི་རུ་ཁྱོད་ལས་བརྟེན། །གཟུགས་མཛེས་པའི་ཕོ་གཞོན་མོ་གཞོན་ཚུ། །
རང་མཉམ་པའི་དགའ་རོགས་རྒྱབ་ཁར་བཞག །གཉེན་ཨ་རྒས་ཨང་རྒས་འཚོལ་མི་ཡང་། །
རྒྱུ་ངོ་མ་ཏི་རུ་ཁྱོད་ལས་བརྟེན། །དུས་དེང་སང་ད་རེས་ནངས་པ་གཉིས། །
ས་འཛམ་གླིང་རྒྱལ་ཁབ་ཚུ་ནང་ལུ། །སྟབས་མ་བདེཝ་སྣ་ཚོགས་སློང་སྟེ་གིས། །
མི་བརྡབ་གསིག་རྐྱབ་མི་ཏི་རུའི་དོན། །ལུས་མཚོན་གྱིས་བརྒྱན་པའི་དམག་མི་ཚུ། །
གནམ་ཉིན་མཚན་དུས་དྲུག་དལཝ་མེད་པར། །ཁག་ཆེ་བའི་ཡིག་ཚང་མཐའ་བསྐོར་ཏེ། །
སྒོ་སྲུང་མི་ཏི་རུ་ཁྱོད་དོན་ལས། །ཕྱི་རྒྱལ་ཁབ་བཤལ་ཡི་བསྐོར་ཡི་རང་། །
བླམ་སྤྲུལ་སྐུ་ཨིན་བརྫུ་བཏབ་སྟེ་གིས། །ནང་སེམས་ཀྱི་རྟོག་པ་མེད་རུང་རང་། །
ཆོས་དབང་ལུང་གནང་མི་ཏི་རུའི་དོན། །ས་ཁྲོམ་ཁར་གནས་པའི་ཚོང་དཔོན་ཚུ། །
ལས་རྒྱུ་འབྲས་རྣམ་གཞག་ཧ་གོ་རུང་། །ཚོང་རིན་གོང་ཡར་རང་སེང་སྟེ་གིས། །
མི་མགུ་ཏོ་འཕུར་མི་ཏི་རུའི་དོན། །ལས་བཟང་ངན་མ་ཤེས་མི་ངན་ཚུ། །
ཕྱུགཔོ་འགྱོ་དགོ་མནོ་བའི་སེམས་ཤུགས་ཀྱིས། །རྟེན་ལྷ་ཁང་མཆོད་རྟེན་སློང་ཡི་རང་། །
ཚོང་ནག་ཚོང་རྐྱབ་མི་ཏི་རུའི་དོན། །ས་འཛམ་གླིང་ནོར་གྱི་བང་མཛོད་ནང་། །
མི་ག་ར་ཏི་རུའི་གཏམ་རང་བཤད། །ཁྱོད་མེད་ན་མི་ཚེ་སྐྱོང་པར་དཀའ། །
ཁྱོད་མེད་ན་འཛམ་གླིང་སྟོང་ཉེན་འདུག །ཁྱོད་ཡོད་རུང་འཐབ་རྩོད་ཕུང་གི་གཞི། །
ཁྱོད་ཡོད་རུང་ལས་ངན་སྡིག་པའི་རྒྱུ། །དངུལ་དགོ་དང་མི་དགོའི་ལོ་རྒྱུས་འདི། །
མི་རང་སོའི་སེམས་ཀྱིས་དཔྱད་པར་འཚལ། །
འབྲི་མི- དམ་ཆོས་དབང་ཕྱུག
དྲུང་འཚོ་སློབ་དུས་བརྒྱད་པ།
རྩོམ་རིག་ཚོགས་ཕྲན།
No comments:
Post a Comment