ལ་རྡོ་ཅོག་ལ་མོའི་རྒྱབ་ཁ་ལུ། ། ཡར་དགའ་ལྡན་ལྷ་ཡི་ཞིང་འདྲ་བའི། །
ས་ལེམ་རྒྱ་ཁ་གི་གཡུས་འདི་སྨོ། ། རང་སྐྱེ་ས་སྦོམ་སའི་ཕ་ཡུལ་ཨིན། །
ལུས་དགའ་སྤྲོ་འགྱུར་སའི་རྩེད་ཐང་ཨིན། ། སེམས་ཞི་བདེ་འབྱུང་སའི་ཞིང་ཁམས་ཨིན། །
ང་མཉམ་རོགས་ཚུ་དང་འཁྱམས་ས་ཨིན། །
ངེའི་ཚེ་སྲོག་གནང་བའི་ཡབ་ཡུམ་ཡོད། ། དྲིན་ཆེ་བའི་ཕ་རྒན་མ་རྒན་ཡོད། །
བརྩེ་ཆེ་བའི་ཕོ་རྒནམ་ནུ་ཅུང་ཡོད། ། ཕན་ཐོགས་པའི་ཉེ་ཚན་ཉེ་འཁོར་ཡོད། །
སེམས་མཐུན་པའི་ཕོ་གཞོན་མོ་གཞོན་ཡོད། །
ལ་རྡོ་ཅོག་ལ་མོའི་གདོང་ཁ་ལུ། ། གངས་སངས་རྒྱས་གངས་ཀྱི་རྐེད་པར་སྨོ། །
ནཱ་ཀ་ཝང་སྦྱང་སའི་སྤེལ་ཁང་ནང་། ། ཆོས་གསོ་བ་རིག་པ་ལྷབ་མི་ང་། །
ལོ་མང་རབས་སོང་སྟེ་འབད་རུང་ཡང་། ། ངེའི་སློབ་སྦྱོང་རྫོགས་ནི་མིན་འདུག་ས། །
རང་གཡུས་ཁ་མ་ལྷོད་སེམས་འཁྲུལ་བས། །
བུ་བསོད་ནམས་ཆུང་བའི་སྟབས་ཀྱིས་སྨོ། ། ཨའེ་ཐོབ་ནི་གང་ཡང་མེདཔ་ལས་བརྟེན། །
ཕམ་གཉིས་ལུ་དྲིན་ལན་མཇལ་མ་ཚུགས། ། སྤུན་གཉིས་ཀྱི་སྐྱིད་སྡུག་བལྟ་མ་ཚུགས། །
ཉེཝ་ཉེ་འཁོར་ཚུ་ལུ་ཕན་མ་ཚུགས། ། རང་དགོ་པའི་ཡོན་ཏན་བརྩོན་མ་ཚུགས། །
སེམས་འཁྲུལ་སྣང་ལངས་ཏེ་འདྲེས་མ་ཚུགས། །
ད་ཚུན་གྱི་རིང་ལུ་རྒྱབ་མཛད་མི། ། ངེ་སེམས་ལས་མི་བརྗེད་ཁྱེད་ཀྱི་དྲིན། །
དུས་རིམ་གྱིས་རན་ཏེ་འོང་པའི་ཚེ། ། བུ་ཕྱག་ཕྱིད་ཞུ་བའི་དུས་གཅིག་འོང་། །
ངེའི་བླམ་དང་དཀོན་མཆོག་སྐྱབས་མཛད་ཅིག །
སངས་རྒྱས་འཕྲིན་ལས།
དྲུང་འཚོ་སློབ་དུས་བརྒྱད་པ།
རྩོམ་རིག་ཚོགས་ཕྲན།
སངས་རྒྱས་འཕྲིན་ལས།
དྲུང་འཚོ་སློབ་དུས་བརྒྱད་པ།
རྩོམ་རིག་ཚོགས་ཕྲན།
No comments:
Post a Comment